འགྲོ་བ་མི་ཡི་སྤྱི་ཚོགས་འདི་སེམས་ཅན་གཞན་དང་མི་འཚུངས་པར་རྣམ་དཔྱོད་ཀྱི་རྩལ་རབ་ཏུ་ལྡན་པའི་འགྲོ་བ་ཞིག་ཡིན་པས་རང་ཉིད་འཇིག་རྟེན་འདིར་འཚོ་བ་ལ་དཀའ་སྡུག་སྣ་ཚོགས་ཤིག་གདོང་ལེན་བྱས་ནས་མི་སྡེ་སྤྱི་ཚོགས་ཆེན་པོ་འདིས་འཇིག་རྟེན་གྱི་ཁམས་འདི་ཉིད་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། འོན་ཀྱང་དཀའ་ངལ་ཆ་ཚང་བ་ནི་སེལ་ཐུབ་མེད་པ་རེད། དེ་ལ་དཀའ་ངལ་གཙོ་བོ་གཉིས་ཀྱི་ཐོག་ཏུ་ཡོང་གི་ཡོད། ལུས་ཀྱི་དཀའ་ངལ་དང་སེམས་ཀྱི་དཀའ་ངལ་གཉིས་རེད། དང་པོ་ལུས་ཀྱི་དཀའ་ངལ་བཀྲེས་སྐོམ་སོགས་སྡུག་བསྔལ་རགས་པ་རྣམས་དེང་སང་སྤྱི་ཚོགས་ཡར་རྒྱས་སུ་སོང་བའི་རྗེས་སུ་དཀའ་ངལ་དེ་དག་ཕལ་ཆེར་མེད་པའམ་ཧ་ཅང་ཆུང་ངུ་སོང་ཡོད་ཀྱང་ལུས་ལ་ནད་ཕོག་པའི་སྡུག་བསྔལ་འདི་གནའ་བོའི་སྤྱི་ཚོགས་དང་བསྡུར་ན་སྔོན་འགོག་དང་འཕྲོད་བསྟེན་གྱི་ཞབས་ཞུ་ཡར་རྒྱས་སུ་སོང་བས་སྤྱིར་གཏང་ཡོངས་གྲགས་ཀྱི་ནད་རིགས་རྣམས་མྱུར་བཅོས་དང་འགའ་ཞིག་གཏན་མེད་ཏུ་གཏང་ཚར་བ་ཡིན།

ད་དུང་ཡང་ཚན་རིག་དང་རྡུལ་ཕྲན་གྱི་དུས་རབས་ཀྱི་འགོ་ཚུགས་པའི་ཚུན་ཆད་ནས་སླར་ཡང་རྒོལ་བ་ལྟ་བུ་སྔར་མ་གྲགས་པའི་ནད་གཞི་སྣ་ཚོགས་ཀྱིས་ཚབས་ཆེ་བའི་འཇིགས་སྣང་དང་མི་སྲོག་མང་པོ་འཇོམས་བཞིན་པ་ལགས་ན་ང་ཚོས་ནད་རིགས་འདི་དག་གནའ་དེང་ཟུང་འབྲེལ་གྱིས་བྱེད་ཐབས་སྤྱད་ནས་གདོང་ལེན་དང་རྒོལ་ལན་ཚ་ནན་ཞིག་སྤྲད་ནས་ན་བ་རྣམས་མྱུར་དུ་གསོ་བ་དང་། མི་ན་བ་རྣམས་ཡུན་རིང་དུ་བདེ་བར་གནས་ཐུབ་པ་བྱེད་ཅིང་མི་སྡེ་སྤྱི་ཚོགས་ཆེན་པོ་འདི་སྲུང་སྐྱོབས་བྱེད་རྒྱུ་ནི་གསོ་བ་རིག་པའི་དོན་སྙིང་ངོ་མ་དེ་ཉིད་ཡིན་པ་རེད། མ་ཟད་ང་ཚོ་འཚོ་བྱེད་པ་ཡོངས་ཀྱིས་མཐའ་ཐུག་ཀྱི་དམིགས་ཡུལ་དམ་པ་དེ་ཉིད་ཀྱང་འདི་ཉིད་བཟུང་དགོས་པ་ཡིན་ནོ།།

༢༠༡༠ལོའི་ཟླ་༩་པའི་ཚེས་༡༣ཉིན། འཇིགས་མེད་གསོ་རིག་གླིང་པས།

ད་དཀའ་ངལ་གཉིས་པ་དེ་སེམས་ཀྱི་དཀའ་ངལ་འདི་རེད། འདི་ནི་ལུས་ཀྱི་དཀའ་ངལ་ལས་སྡུག་པའི་དཀའ་ངལ་ཞིག་ཡིན། ལུས་ལ་ན་ཚ་གང་ཡང་མེད་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ། ལོ་ཆུང་བ། གཟུགས་མཛེས་པ་སོགས་ལུས་ཀྱི་སྡུག་བསྔལ་གང་ཡང་མེད་ཀྱང་སེམས་ཀྱི་དཀའ་ངལ་གྱིས་ནོན་ནས་ཉིན་མོ་ཟས་གོས་སོགས་ལ་སྤྱོད་འདོད་མེད་པ། མཚན་མོ་གཉིད་ཙམ་ཡང་མི་ཡོང་བ། རང་གི་ཕ་མ་དང་། ཡང་ན་དགའ་གྲོགས་དང་བུ་ཕྲུག་སོགས་ལ་བརྡུང་པ། ཚབས་ཆེ་ན་དེ་དག་གསོད་པ། ཐ་ན་རང་ཉིད་ཀྱང་རྒྱུ་མཚན་གང་ཡང་མེད་པ་རང་སྲོག་གཅོད་པ་སོགས་འཇིག་རྟེན་འདི་ན་རིག་རྒྱུ་དང་མཐོང་རྒྱུ་ཡོད་པ་འདི་དག་ནི་ལུས་ཀྱི་དཀའ་ངལ་ཞིག་མ་ཡིན་པས་སྨན་ཁང་ལ་འགྲོ་བ་དང་། སྨན་པ་སྐད་་གྲགས་ཅན་ལ་གཏུགས་པ་སོགས་ནི་དོན་མེད་རེད་ལ་ཕན་འབྲས་གང་ཡང་མེད་པ་རེད། ད་འོ་ན་དེ་ཉིད་སེལ་ཐུབ་ཡོད་དམ་ཞེ་ན་དེ་ནི་ནང་ཆོས་ཀྱི་སློབ་གསོ་དང་ཉམས་ལེན་གྱི་ཐོག་ནས་དཀའ་ངལ་དེ་དག་སེལ་བ་ལ་འབད་བརྩོན་བྱེད་དགོས་པ་ཡིན།

དེ་ཡང་ནང་པ་སངས་རྒྱས་པའི་ཆོས་འདི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་བདག་ཉིད་ཅན་གྱི་ཆོས་ཤིག་རེད། ཆོས་ལུགས་འདི་ཡིས་རྒྱ་བོད་འཛམ་གླིང་སྨན་པ་གང་གིས་ཀྱང་གསོ་མ་ཐུབ་པའི་སེམས་ཀྱི་ནད་པ་མང་པོ་ཞིག་བདེ་བ་ལ་བཀོད་ཡོད་པ་ཡིན། སེམས་ཀྱི་དཀའ་ངལ་གང་དང་གང་འབྱུང་ངེས་ཡིན་པ། དཀའ་ངལ་དེ་དང་དེའི་གཉེན་པོ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་པ་གསུང་ཡོད་པ་ཡིན། མདོར་ན་སེམས་ཀྱི་ནད་ལ་ཆོས་ཀྱིས་བཅོས་དགོས་པ་ཡིན། བཅོས་ཚུལ་དེ་ཡང་གཙོ་བོ་སངས་རྒྱས་རང་ཉིད་ཀྱིས་གསུང་པའི་ཆོས་ཀྱི་ཉམས་ལེན་དེ་དག་ཚུལ་བཞིན་དུ་རང་རྒྱུད་ལ་སྦྱར་ནས་ཉམས་ལེན་བྱས་ན་ཏན་ཏན་སེམས་ཀྱི་དཀའ་ངལ་དེ་དག་ལས་གྲོལ་ཐུབ་པ་ཡིན་ནོ། ད་དུང་གསལ་བར་བཤད་ན་སེམས་ཀྱི་དཀའ་ཕལ་མོ་ཆེར་རང་གི་འདོད་དོན་ཞིག་མ་འགྲུབ་པ་ལས་བྱུང་བ་ཡིན། དེ་ནི་སྨན་ཁང་དུ་སོང་ནས་སྨན་ཟ་དང་། ཁབ་བརྒྱབ་ན་ཁོ་ཡི་འདོད་དོན་དེ་འགྲུབ་ཐུབ་ཀྱི་རེད་དམ། ཁོ་ཡི་འདོད་དོན་དེ་ཁབ་རྒྱག་རྒྱུ་དེ་སྨན་ཟ་རྒྱུ་རེད་དམ། དེས་ན་སེམས་པ་འདོད་དོན་ཞིག་མ་འགྲུབ་ནས་སློང་བའི་ནད་པ་དེ་དག་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་སེམས་པ་དྲག་བསྐྱེད་བྱས་ན་ཏན་ཏན་ཕན་ངེས་རེད།

༢༠༡༠ ཟླ་ ༥ པའི་ཚེས་ ༧ ཉིན། འཇིགས་མེད་ཀྱིས།

 
 
Make a Free Website with Yola.