འཇིག་རྟེན་གྱི་ཁམས་ཀྱི་གསོ་བ་རིག་པའི་བྱུང་རབས་རགས་བཤད།

༡༽ རྒྱ་གར་གྱི་ཚེའི་རིག་བྱེད Indian Ayurveda Ayurveda

རྒྱ་གར་ནི།

 

 

༢༽རྒྱ་ནག་གི་སྲོལ་རྒྱུན་སྨན་རིག Ttraditional Chinese Medicine (TCM)



ནུབ་ཕྱོགས་ཀྱི་སྨན་བཅོས་རིག་པ།

བོད་ཀྱི་གསོ་བ་རིག་པ་ནི། བོད་མཐོ་སྒང་འདི་མིའི་འགྲོ་བ་བྱུང་བ་ནས་རིམ་གྱིས་རང་བྱུང་ཁམས་ཆེན་མོ་ལ་འཐབ་རྩོད་བྱས་ནས་རྙེད་པའི་རིག་གཞུང་རྙིང་པ་ཞིག་རེད། དེ་ཡང་"ནད་ཀྱི་ཐོག་མ་མ་ཞུ་བ། སྨན་གྱི་ཐོག་མ་ཆུ་ཚན་"ཞེས་ཤོད་སྲོལ་ཡོད་ལ་གཏམ་རྒྱུད་དེ་འཇིག་རྟེན་གྱི་ཁམས་འདིའི་ནད་ཀྱི་ཐོག་མར་ཕོ་བས་ཟས་མ་ཞུ་ནས་ནད་པ་བྱུང་བ་དང་། དེ་ལ་ཆུ་ཚན་འཐུང་བས་དྲག་བསྐྱེད་བྱུང་བས་ཆུ་ཚན་དེ་ཉིད་སྨན་ཡིན་པ་ཤེས་པ་ལྟ་བུ་ཡིན། དེ་དང་མཚུངས་པར་རྨ་གསར་པ་ལ་ལུག་བལ་མེར་བསྲེགས་ནས་སྦྱར་ན་ཁྲག་བཅོད་ཐུབ་པ་དང་། རྨ་རྙིང་པ་ལ་ཁྱི་ཚིལ་བྱུགས་པས་ཕན་པ་ཤེས་པ་ལྟ་བུ་སྟབས་བདེ་ཞིང་མཁོ་ཚབས་ཆེ་བའི་སྨན་བཅོས་ཀྱི་རིགས་མང་པོ་ཞིག་གཞི་རིམ་སྤྱི་ཚོགས་ནས་ལག་ལེན་བྱུང་བ་ཡིན། བོད་ཀྱི་གདོད་མའི་དུས་རབས་སུ་སྨན་བཅོས་ཀྱི་གནས་ཚུལ་འཁོད་པའི་ཡིག་ཅ་ཧ་ཅང་དཀོན་པོ་ཡིན་པས་ཞུ་མི་ཐིག་པ་རེད། བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུའི་སྐབས་རྣམས་སུ་སྤྱི་ཚོགས་ཀྱི་རིག་གནས་ཚད་མཐོ་བོར་སླེབས་ཡོད་པས་སྨན་བཅོས་ཀྱང་གང་མཚམས་ཚད་མཐོར་ཐོན་ཡོད་ངེས།

དེ་ནས་བོད་རྒྱལ་ཐོག་མར་གཉའ་ཁྲི་བཙན་པོའི་(127-?bc)སྐབས་སུ་བོན་གྱི་ཤེས་པ་ཅན་མི་བཅུ་གཉིས་ཞེས་པའི་ནང་ཚན་དུ་གསོ་དཔྱད་ལ་སྦྱང་ཟིན་པའི་སྨན་པ་དེ་འདྲ་ཡོད་པ་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ་བ་ཡིན། གཙོ་བོ་བོད་ཀྱི་རྒྱལ་ཕྲན་ཞང་ཞུང་གི་ཡུལ་དུ་སྨན་དང་རིག་གནས་སོགས་དམིགས་བསལ་འབུར་དུ་ཐོན་པའི་ལག་ལེན་ཡོད་པར་གསལ།

དེ་རྗེས་བོད་ཀྱི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཐོག་མར་སྐྱེས་པའི་སྐབས་སུ་མིག་གིས་མཐོང་མི་ཐུབ་པས་ཡབ་ཀྱི་ཞལ་ཆེམས་ལྟར་བོད་ཤར་ཕྱོགས་ཀྱི་རྒྱལ་ཕྲན་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་གསེར་གྱི་ཐུརམས་ཕྱེ་ནས་དྲག་བསྐྱེད་བྱུང་ཞིང་རི་དྭགས་གཉན་གྱིས་རྩྭ་ཟ་བ་གཟིགས་པ་གསལ་བས་དུས་རབས་དྲུག་པའི་ནང་དེར་སྨན་བཅོས་ཀྱི་ལག་ལེན་ཚད་མཐོ་བོ་ཡོད་པ་གསལ་ལོ། སྐབས་དེ་དག་ཏུ་བོད་ཡུལ་སྤྱི་ལ་ཁྱབ་པའི་ཡི་གེ་མེད་པས་ཞང་ཞུང་གི་སྨར་ཡིག་ཏུ་གསོ་དཔྱད་དང་རིག་གནས་དེ་དག་འཁོད་ཡོད་པར་ངེས་སོ། ཏུང་ཧོན་གི་བྲག་ཕུག་ནས་ཐོན་པའི་སྨན་གཞུང་དུ་རྩི་ཤིང་དང་། སྲོག་ཆགས་ཀྱི་སྨན་རྫས། གཏེར་དངོས་སོགས་སྨན་རྫས་རིགས་བརྒྱ་ཕྲག་དུ་མ་དང་། སྨན་གྱི་སྦྱོར་ཚུལ་དང་། ནད་ཀྱི་བརྟག་ཐབས། སྨན་རྫས་ཀྱི་ངོས་འཛིན་སོགས་ཞིབ་ཅིང་ཕྲ་བ་གསལ་ཡོད་པ་ཡིན་ལ་འདི་དག་ནི་བོད་པ་རང་གི་ཤེས་ཡོན་གྱི་དཔེར་མཚོན་བླ་ན་མེད་པ་ཞིག་དང་། བོད་ཡུལ་གྱི་སྨན་བཅོས་ཀྱི་རིག་པའི་བྱུང་རབས་སྙིང་པོ་དེ་དག་ཡིན་པ་རེད།

དེ་ནས་བོད་ཀྱི་རྒྱལ་རབས་སོ་གཉིས་པ་རྒྱལ་པོ་སྲོང་བཙན་སྒོམ་པོ་(?-650)སྐབས་སུ་བོད་ཡུལ་སྤྱི་ལ་ཁྱབ་པའི་ཡི་གེ་གཏན་ལ་ཕབ་པ་དང་། དེ་མཚུངས་སུ་རྒྱ་ནག་ཐང་གི་གོང་མའི་ཁབ་ནས་ཝུན་ཤིང་ཀོང་ཇོ་རྒྱལ་པོའི་བཙུན་མོ་བསུས་པས་སྐབས་དེར་སྨན་དཔྱད་ཀྱི་རིགས་མང་པོ་བོད་དུ་མཉམ་ཁྱེར་བྱས་ཡོད། དེ་དག་བོད་ཀྱི་བློན་ཆེན་ཐུན་མི་དང་རྒྱ་ཡི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ནས་《སྨན་དཔྱད་ཆེན་མོ་》ཞེས་པ་དེ་ཡིན་ལ་དེ་ནི་བོད་ཀྱི་གསོ་བ་རིག་པའི་རྨང་གཞི་ཐོག་སླར་ཡང་གཟི་དཔལ་འཕྲོ་བའི་ལག་ལེན་དང་། བྱེད་ཐབས་མང་པོ་ཞིག་བསྣན་ནས་སྔར་ལས་ལྷག་པའི་བོད་ཀྱི་གསོ་བ་རིག་པ་དེ་མཐུས་སྒོ་ཇེ་ཚང་དུ་གཏང་ཡོད་པ་ཡིན། དེ་ནས་རྒྱ་གར་གྱི་སྨན་པ་བྷ་ར་དྷ་ཛཱ་དང་། རྒྱ་ནག་གི་སྨན་པ་ཧན་ཝེན་ཧེ། ཏག་ཟིག་གི་སྨན་པ་ག་ལེ་ནོས་བཅས་ཀྱིས་བོད་ཀྱི་བཙན་པོའི་བཀའ་ལྟར་བོད་ཀྱི་གསོ་བ་རིག་པའི་རྨང་གཞི་ལ་རང་རང་ཡུལ་གྱི་ལེགས་ཆ་བསྣན་ནས་《མི་འཇིག་པའི་མཚོན་ཆ་》ཞེས་པ་གསར་སྒྲིག་གནང་ཞིང་རྒྱ་གར་གྱི་གསོ་དཔྱད་རིགས་བོད་དུ་དར་བའི་ཐོག་མ་ཡིན་པ་རེད།

དེ་ནས་བོད་ཀྱི་རྒྱལ་ཐོག་སོ་བདུན་པ་བཙན་པོ་ཁྲི་བཙུག་ལྡེའུ་བཙན་གྱི་དུས་སུ་སླར་ཡང་རྒྱ་ནག་བཙུན་མོ་ཅིན་ཁྲིན་ཀོང་ཇོ་བཙན་པོའི་གནའ་མ་བསུས་པའི་སྐབས་དེར་《སྨན་དཔྱད་ཟླ་བའི་རྒྱལ་པོ》ཟེར་བ་རྒྱ་བོད་ལེགས་ཆ་བླངས་པའི་གསོ་དཔྱད་གཞུང་ལུགས་ཤིག་བོད་དུ་བསྒྱུར་ནས་ད་ལྟ་བསྟན་འགྱུར་གྱི་ནང་དུ་མཇལ་རྒྱུ་ཡོད། འདི་ནི་བོད་ཀྱི་གསོ་བ་རིག་པའི་བསྒྱུར་རྩོམ་མཇལ་དུ་ཡོད་པ་དག་ལས་སྔ་ཤོས་ཡིན།

བོད་ཀྱི་རྒྱལ་ཐོག་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཅུང་ཞིག་བསྙུན་པའི་ཚུལ་བསྟན་ནས་བློན་པོ་རྣམས་ལ་ཕྱོགས་མཚམས་ཀྱི་རྒྱལ་ཁབ་ནས་སྨན་པ་གྲགས་ཅན་རྣམས་སྤྱན་དྲངས་ཤིག་ཅེས་བསྒོས་པའི་དུས་སུ་རྒྱ་གར་གྱི་སྨན་པ་ཤནྟི་གརྦ་དང་། རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ། ཏག་ཟིག་ནས་ཧ་ལ་ཤནྟི། ཁ་ཆེའི་སྨན་པ་གུ་ཧེ་བཱ་ཛ། གྲུ་གུ་གི་སྨན་པ་སེར་མདོ་འོད་ཆེན། ཁྲོམ་གྱི་སྨན་པ་བི་ཇི་ཙན་པ་ཤི དོལ་པོའི་སྨན་པ་ཁྱོལ་མ་རུ་རྩེ། བལ་པོའི་སྨན་པ་དྷརྨ་ཤི་ལ་སོགས་ཕྱི་ཡི་རྒྱལ་ཁབ་ཀྱི་སྨན་པ་གྲགས་ཅན་དགུ་གདན་དྲངས་པ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་"ཕྱོགས་ཀྱི་བླ་སྨན་པ་དགུ་"ཞེས་གྲགས། ཕྱི་རྒྱལ་གྱི་སྨན་པ་དང་། བོད་ཀྱི་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོ་ཕྱོགས་ཀྱི་བར་དུ་གསོ་དཔྱད་ཀྱི་རིགས་ལ་བགྲོ་གླེང་དང་། ཕན་ཚུན་གོ་རྟོགས་སྤེལ་རེས། བསམ་འཆར་སྟོན་རེས་བྱས་པ་ཡིན། དེ་ལྟར་གསོ་བ་རིག་པའི་གཞུང་ལུགས་ལ་ཕན་ཚུན་གོ་བསྡུར་དང་བགྲོ་གླེང་ཡང་ཡང་གནང་ནས་ཞིབ་འཇུག་ལེགས་པར་མཛད། དེའང་འདི་ནི་རྒྱལ་སྤྱི་རང་བཞིན་ཅན་གྱི་གསོ་རིག་གི་བགྲོ་གླེང་ཕུན་སུམ་ཚོགས་པ་ཞིག་ཡིན། བགྲོ་གླེང་དེའི་གྲུབ་དོན་ལ་གཞིར་བྱས་ནས་《རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ་》བྱ་བ་ཡི་གེར་བཏབ། གླེག་བམ་དེ་ལ་གཞིར་བྱས་ནས་བོད་ཀྱི་བཙན་པོའི་བླ་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོས་《རྒྱུད་གཞི་》ཞེས་པའི་ཡར་གླིང་གི་རྒྱལ་ཁབ་ཕལ་མོའི་གསོ་དཔྱད་ཀྱི་སྙིང་པོ་ཐམས་ཅད་འདུས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཆེན་མོ་འདི་ཉིད་མཛད། སྐབས་དེར་ཕྱི་རྒྱལ་གྱི་སྨན་པ་རྣམས་ཀྱིས་གསུངས་པའི་སྨན་མིང་དང་། བརྟག་ཐབས་སོགས་ཀྱི་ཐ་སྙད་དེ་དག་ཡུལ་དེའི་སྐད་རང་སོར་བཞག་ནས་བརྩམས་ཡོད་པ་རེད།སྐབས་དེ་དག་ཏུ་བོད་ཡུལ་ན་གསོ་བ་རིག་པའི་གཞུང་ལུགས་འདི་ཉིད་གཞན་དང་ཐུན་མོང་མིན་པའི་རིག་གཞུང་ཞིག་གི་རྐང་ཚུགས་པ་ཡིན།  བོད་ཡུལ་ན་འཛད་འཕྲིན་དང་འགྲོ་དོན་ཆེ་ཞིང་། ཀུན་གྱི་ཚད་མ་འཛིན་ས་ནི་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་ཉིད་ཡིན། རྒྱུད་བཞི་མཛད་པ་པོ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་པ་གཡུ་ཐོག་ཡོན་ཏན་མགོན་པོ་མཆོག་ནི། (768-?)ཆུང་ངུའི་དུས་ནས་བོད་རང་གི་ཡི་གེ་ཕྱི་མོ་ནས་འགོ་བཙུགས་ཏེ་རིག་པའི་གནས་སྤྱི་དང་གསོ་བ་རིག་པའི་གཞུང་ལ་སྦྱངས། དེ་ནས་རྒྱ་གར་དང་། བལ་པོ། རྒྱ་ནག་སོགས་ཡུལ་གྲུ་དུ་མ་ཞབས་ཀྱིས་བཅག་ནས་གསོ་བ་རིག་པའི་དོན་དུ་མི་ཚེ་གཅིག་ཏུ་བསྒྲིལ། ཕྱོགས་ཀྱི་བླ་སྨན་པ་དགུ་ཡི་དྲི་བ་ལ་ཐེ་ཚོམས་དང་ལོག་རྟོག་ཐམས་ཅད་ལྡོག་པའི་ལན་ལེགས་པར་བཏབ་པས་སྔར་ན་མེད་པའི་གྲགས་པ་བྱུང་ཞིང་བཙན་པོས་ཀྱང་བཀུར་བཟོ་དང་། བྱ་དགའ། ཐོབ་ཐང་གོང་དུ་བཀུར་ཞིང་། འབངས་རྣམས་ལའང་སྨན་པའི་རིགས་འདི་གོང་དུ་བཀུར་དགོས་པའི་ཁྲིམས་བསྒྲགས་པས་དེས་སྨན་པ་དང་གསོ་བའི་རིག་པའི་གཞུང་ལུགས་འཕེལ་རྒྱས་འགྲོ་བ་ལ་བསྐུལ་ལྕག་ལེགས་པ་ཐེབས་པ་ཡིན་ནོ། འདི་ནི་གཡུ་ཐོག་གསར་རྙིང་གཉིས་ཀྱི་ནང་ནང་གི་རྙིང་མ་ཡོན་ཏན་མགོན་པོ་རེད། 《རྒྱུད་བཞི》གཙོས་པའི་སྨན་གཞུང་དུ་མ་དང་སློབ་མ་སུམ་བརྒྱ་ལས་བརྒལ་བར་བསྐྱངས་ཞིང་བོད་ཀྱི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་བཀའ་དྲིན་གཞལ་དུ་མེད་པའི་སྨན་པ་བྱམས་སེམས་ཅན་ཞིག་ཡིན།

དེ་ནས་དུས་རབས་བཅུ་གཅིག་པའི་ནང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱ་གར་གྱི་མཁས་པས་མཛད་པའི་སྨན་གྱི་བསྟན་བཅོས་《ཡན་ལག་བརྒྱད་པ་》དང་། དེའི་འགྲེལ་བ་《ཟླ་ཟེར་》ལ་སོགས་པ་བོད་སྐད་དུ་བསྒྱུར། ལོ་ཆེན་འདིས་རྒྱ་གར་གྱི་གསོ་རིག་གཞུང་ཆེན་དེ་དག་འཆད་ཉན་འཛད་པ་ལས་སྤུ་ཧྲེངས་ཀྱི་སྨན་པ་མི་བཞི་བྱ་བ་སོགས་སློབ་རྒྱུད་མང་དུ་བྱུང་བར་གྲགས།

དེ་ནས་གཡུ་ཐོག་རྙིང་མའི་གདུང་རྒྱུད་བཅུ་གསུམ་ཙམ་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་(1126-?)འཁྲུངས། ཡབ་མེས་ནས་བརྒྱུད་པའི་གསོ་རིག་གི་གཞུང་ལ་སྦྱངས། རྒྱ་གར་དུ་ལན་དུ་མ་ཕེབས། རྒྱུད་བཞི་ལ་དག་བཅོས་དང་ལེགས་སྒྲིག་སོགས་མཛད། བསྟན་བཅོས་བརྒྱ་ཕྲག་ལས་བརྒལ་བར་གསར་དུ་བརྩམས། ཁོང་གི་སློབ་མ་དང་ཡང་སློབ་ཀྱི་ཚུལ་དུ་སློབ་ཚོགས་མཐའ་ཡས་པ་བྱུང་ངོ།།

དེ་ནས་བོད་ཀྱི་ནད་གསོ་སྲོག་སྐྱོབ་ཀྱི་རིག་པ་འདི་བྱང་པ་དང་ཟུར་མཁར་ཏེ་རྒྱུད་པ་གཉིས་སུ་གྱེས་ནས་བོད་ཡུལ་ཀུན་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་ཡིན། དེ་ཡང་བྱང་པ་རྣམ་རྒྱལ་གྲགས་བཟང་(1294-)ནི། འདི་ནི་རིག་པའི་གནས་སྤྱི་དང་། ལྷག་པར་གསོ་བའི་རིག་པའི་གཞུང་ལུགས་དང་། དེའི་ནང་《རྒྱུད་བཞི་》དཀའ་གནད་སྔར་མ་ཁྲོལ་བ་དུ་མ་གཟབ་བཤད་གནང་ཞིང་《རྒྱུད་བཞི་》འགྲེལ་བ་དང་། གསོ་རིག་སྐོར་གྱི་བསྟན་བཅོས་བརྒྱ་ཕྲག་ཙམ་དུ་ཉེ་བར་མཛད་པ་དང་། རང་གི་སྲས་བཀྲ་ཤིས་དཔལ་བཟང་གིས་བཙོས་པའི་སློབ་མ་གྲངས་མེད་དུ་འཕེལ་ནས་མཁས་པ་བྱང་ཟུར་གཉིས་ཞེས་པའི་དཔལ་ལྡན་བྱང་པའི་ལུགས་ཀྱི་གདམས་ངག་གི་ཆུ་བོ་ཆེན་པོ་དེ་ཉིད་བྱུང་བ་ཡིན་ནོ།

དེ་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེ་(1429-1475)ནི། བོད་ཀྱི་གསོ་རིག་རྒྱུད་བཞི་ལ་བཀའ་འགྲེལ་དང་། སྨན་རྫས་ངོས་འཛིན། ནད་པ་བརྟག་ཐབས་སོགས་ལ་དམིགས་གསལ་གྱི་མཛད་པ་བསྐྱངས། དེ་ནས་དེའི་གདུང་རྒྱུད་དུ་ཟུར་མཁར་བློ་གྲོས་རྒྱལ་པོ་(1509-)བྱོན། འདི་པས་ཀྱང་《རྒྱུད་བཞི་འགྲེལ་པ་མེས་པོའི་ཞལ་ལུང་》བྱ་བ་དང་གསོ་རིག་གི་བསྟན་བཅོས་དུ་མ་མཛད། ལྷག་པར་གཡུ་ཐོག་གི་བྲིས་པའི་《རྒྱུད་བཞི་གསེར་མཆན་མ་》བྱ་བར་གཞི་བྱས་ནས་《རྒྱུད་བཞི་》འདི་ཉིད་པར་དུ་ཐོག་མར་བརྐོས། འདིས་བོད་ཀྱི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་གཅིག་གྱུར་གྱི་གཏན་འབེབས་དང་། གོང་འཕེལ་གྱི་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། འདི་ལ་སློབ་མ་མང་དུ་བྱུང་ཞིང་ཟུར་ལུགས་ཞེས་པའི་གདམས་ངག་གི་ཆུ་བོ་ཆེན་པོ་གཅིག་ཏུ་གྱུར་པ་ཡིན། ཟུར་མཁར་གྱི་རྒྱུད་པ་ལས་ནང་སོ་དར་རྒྱས་བྱ་བས་༸གོང་ས་ལྔ་པ་ཆེན་པོའི་བླ་སྨན་པ་མཛད། འབྲས་སྤུངས་སུ་༼གསོ་རིག་འགྲོ་ཕན་གླིང་༽བཏབ། དེ་མཚུངས་གཞིས་ཀ་རྩེ་རུ་དྲང་སྲོང་འདུས་པའི་གླིང་བཅས་བཏབ་པ་འདི་བོད་ཀྱི་གསོ་བ་རིག་པའི་སློབ་གྲྭ་ཐོག་མ་ཡིན་པ་རེད། དེའི་སྔོན་དུ་རང་རང་གི་ཁྱིམ་རྒྱུད་དུ་གྱུར་ནས་རང་རང་གི་རིགས་སྲས་དང་སློབ་མ་སོགས་ནས་རྒྱུད་པ་ལས་གཅིག་གྱུར་གྱི་སློབ་གྲྭ་མ་བྱུང་བ་ཡིན།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་གྲྭ་ཐང་གི་《རྒྱུད་གཞི་》རྙིང་པ་དེ་ཉིད་ལ་ཞུ་དག་སོགས་མཛད་ནས་པར་ཤིང་གསར་པ་བརྐོས། 《རྒྱུད་བཞི་འགྲེལ་པ་བཻཌཱུར་སྔོན་པོ་》བྱ་བ་བྱང་ཟུར་གྱི་གདམས་ངག་ཆེན་པོ་གཉིས་ཀྱི་ལེགས་ཆ་བླངས་ནས་འཆད་ཉན་སྤེལ། ༡༦༩༦ལོར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པའི་སློབ་གྲྭ་གསར་དུ་ཚུགས་ཤིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱི་དོ་དམ་ལྷོད་མེད་གནང་བ་དང་། དགེ་སློབ་ཡོངས་ནས་ཐུགས་ཁུར་ཆེ་བཞེས་བྱས་པས་འབྲས་བུ་བླ་ན་མེད་པར་བྱུང་ཞིང་བོད་ཡུལ་གྱི་མདོ་སྟོད་སྨད་དང་། སོག་པའི་ཁུལ་སོགས་སུ་སློབ་གྲྭ་འདི་ནས་ཐོན་པའི་སྨན་པས་ནད་བཅོས་སྲོག་སྐྱོབ་བྱས་པ་དང་། གསོ་བ་རིག་པའི་གཞུང་ལུགས་འཕེལ་རྒྱས་སུ་ཕྱིན་ཡོད་པ་རེད། དེའི་སྐབས་སུ་བོད་ཀྱི་རི་མོ་བ་སྐད་གྲགས་ཅན་རྣམས་བཀུག་ནས་གཞུང་དོན་གོ་བདེ་བ་དང་། ལག་ལེན་མི་ནོར་བའི་ཆེད་དུ་དུར་ཁྲོད་ནས་ཤི་བོའི་རོ་ལ་བརྟག་དཔྱད་ཀྱིས་ལུས་ཀྱི་བཀོད་པ་དང་། རུས་ཚིགས་ཀྱི་གྲངས་ཀ རྩ་དང་རྒྱུས་པའི་གནས་ལུགས་སོགས་དཔལ་ལྡན་《རྒྱུད་བཞི་》ནས་བསྟན་པ་དེ་དག་དངོས་སུ་ཉམས་ཁྲིད་བྱས་ནས་རི་མོ་བྲིས་ཏེ་༼བྲིས་ཆ་དོན་དགུ་༽ཟེར་བའི་སྔ་ན་མེད་པའི་གསོ་རིག་གི་གཞུང་ལུགས་ལ་འཆད་ཉན་གྱི་རྒྱུན་གསར་པ་ཚུགས།

དེ་ནས་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུུན་ཚོགས་(1840-?)བི་ཇིའི་གདུང་རྒྱུད་དུ་འཁྲུངས། ཁོང་ནི་རིག་པའི་གནས་སྤྱི་དང་ལྷག་པར་གསོ་བ་རིག་པའི་གཞུང་ལུགས་ལ་ནང་བྱན་ཚུད་པའི་མཁས་པ་ཆེན་པོ་ཞིག་རེད། ཁོང་གིས་དམིགས་ཀྱི་བཀར་ནས་བོད་ཀྱི་སྨན་རྫས་རིག་པའི་སྐོར་ལ་སྨན་སྣ་༢༢༩༤ཙམ་གྱི་སྨན་རྫས་ཀྱི་རིགས་མ་འདྲེས་པར་རང་རང་གི་ངོ་བོ་དང་། བྱེད་ལས་ཞིབ་ཅིང་ཕྲ་བའི་བསྟན་པའི་བསྟན་བཅོས་《ཤེལ་གོང་དང་། ཤེལ་ཕྲེང་》གཉིས་ཞེས་རྒྱ་བོད་མཁས་པ་དུ་མས་བསྔགས་བརྫོད་ཀྱི་མེ་ཏོག་མངོན་པར་གཏོར་ཡོད། དེའུ་དམར་ཚང་གི་གཞུང་ལུགས་འདི་དག་མ་ཐོས་ན་སྨན་པ་ཞེས་པའི་མིང་བོར་བའི་ཚོད་དུ་བྱེད་པའི་ཚད་དུ་བྱུང་།

ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་དཔལ་ལྡན་གསོ་བའི་རིག་པའི་བུ་སློབ་མང་དུ་སྐྱོང་ཞིང་། ནད་བཅོས་སྲོག་སྐྱོབ་ཀྱི་ཕྱག་ལས་འབུར་དུ་ཐོན་པར་གནང་ཡོད། དེ་ནས་བོད་ལ་དུས་འགྱུར་བྱུང་རྗེས་རིག་གནས་གསར་རྗེ་ཆེན་པའི་གོད་ཆག་འོག་ཏུ་གསོ་བ་རིག་པའི་གཞུང་ལུགས་འདི་ཉིད་"རྙིང་བཞི་རྩ་གཏོར་"ཞེས་པའི་ཁ་གཡང་བསྒྲགས་ནས་གཏོར་བཅོམ་དང་། བསྒྱུར་བཅོས། བརྡུང་བརྡེགས་ཚབས་ཆེན་ཕོག་ནའང་གཏན་ནས་རྒྱུན་བཅོད་མ་ཐུབ་པ་རེད།

དེ་ནས་བོད་ཀྱི་རིག་གནས་སྐྱར་དར་སྐབས་བོད་ཕྱི་ནང་གཉིས་སུ་ཡོད་པའི་སྨན་པ་དང་། མཁས་པ། བསམ་བློ་བ་རྣམས་ཀྱིས་མྱུར་སྐྱོབ་ཀྱི་ལས་ཀ་མང་དུ་བྱས་ཤིང་། ལྷག་པར་ཁྲོ་རུ་བ་མཁན་པོ་ཚེ་རྣམ་མཆོག་གིས་བོད་ཡུལ་སྟོད་སྨད་གང་སར་ཞབས་ཀྱིས་བཅག་ནས་སྔར་གྱི་སྲོལ་རྒྱུན་བཟང་པོ་རྣམས་ཉམས་གསོ་དང་། ནད་གཞི་བརྟག་ཐབས། སྨན་རྫས་ཞིབ་འཇུག ལྷག་པར་རིན་ཆེན་རིལ་བུ་བཟོ་ཐབས་སྐོར་ལ་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་བྱས་ནས་གསོ་བ་རིག་པའི་གཞུང་ལུགས་ལ་བཀའ་དྲིན་གསོབ་ཏུ་མེད་པར་བཞག་ཡོད་པ་རེད།

ཕྱི་ལོ་༢༠༡༠ཟླ་༧པའི་ཚེས་༦་སྐུའི་འཁྲུངས་སྐར་གྱི་སྐབས་སུ་འཇིགས་མེད་གསོ་རིག་གླིང་པས་བྲིས་ཤིང་བཅོས།

 

 

 
Make a Free Website with Yola.